༄༅།། །།རང་རེ་བོད་ཀྱི་ཡི་གེའི་སྒྲ་དང་གཟུགས་མ་དཔེ་རྒྱ་གར་གྱི་ཡི་གེ་ལས་ཐུ་མིས་གསར་བཟོ་མཛད་པའི་ལོ་རྒྱུས་ཀྱི་ཡིག་ཆ་ནི་གསལ་ཡང་རྒྱ་གར་གྱི་ཡི་གེའི་བྱེ་བྲག་གི་མིང་འདི་དང་འདི་ཞེས་པའི་མ་དཔེ་ལས་རང་རེ་ཡི་གེ་འབྱུང་ཚུལ་གྱི་ལོ་རྒྱུས་ངེས་ཤེས་ཀྱིས་རྒྱས་བཏབ་པ་བོད་དུ་ཆོས་ལུགས་སོ་སོའི་བརྒྱུད་པའི་བླ་མ་དང་སྡོམ་བརྒྱུན་གྱི་འཆད་ཚུལ་ལྟ་བུ་གནས་དུས་སྣང་བའི་ཆོས་ལས་འགལ་མེད་ཀྱིས་སྒྲུབ་བྱེད་ནི་མི་སྣང་། མཁས་པ་དགེ་འདུན་ཆོས་འཕེལ་ཉིད་ཀྱིས་བོད་ཀྱི་ཡི་གེ་ཁུངས་སམ་དཔེ་ནི་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་ཚངས་པའི་ཡི་གེ་ནས་འཆད་པའི་གུཔྟའི་ཡིག་གཟུགས་ཡིན་གསུངས་པ་ལ་ལོ་རྒྱུས་ཀྱི་ཆ་ཤས་མང་པོ་ལས་མཐུན་ཆེ་བ་སྣང་། བོད་དུ་ཐུ་མིས་ཡི་གེ་གསར་གཏོད་པའི་སྐབས་བོད་དང་ས་འབྲེལ་རྒྱ་གར་གྱི་གནས་དང་དུས་ཀྱི་ལོ་རྒྱུས་ལ་ལྟས་ན། རྒྱ་གར་དབུ་ནས་བྱང་ཕྱོགས་ཀྱི་ཡུལ་སྡེ་དེང་དུས་ཨབ་གྷ་ཎེ་སྠན་གྱི་བྱང་རྒྱུད་བྱེ་ཐང་ཡོངས་སུ་གྲགས་པའི་ཤར་ནུབ་གྱི་ཚོང་ལམ་དང་བཅས་པ་ཀ་
ཎིཥྐས་མངའ་འོག་ཏུ་གནས་ནས་ཕྱི་ལོ་དུས་རབས་དང་པོ་སྐབས་ཙམ་ལ་ཀ་
ཎིཥྐས་སྦྱིན་བདག་མཛད་ནས་སངས་རྒྱས་ཀྱི་བཀའ་བསྡུ་བཞི་པ་བསྡུ་ལུགས་སོགས་བོད་དང་ཁྱིམ་མཚེའི་རྒྱལ་ཁབ་རྣམས་ཀྱི་ལོ་རྒྱུས་ལས་གསལ་བ་དང་། དེ་དུས་པཎྜི་ཏ་རྣམས་ཀྱིས་རང་བཞིན་སྐད་དང་ཁ་རོ་སྟིའི་སྐད་ནས་ལེགས་སྦྱར་དུ་བསྒྱུར་ཚུལ་དང་ཚངས་པའི་ཡིགེ་ལས་བྱུང་བའི་གུཔྟའི་ཡིག་གཟུགས་ཞེས་རྒྱ་གར་བྱང་ཕྱོགས་ཀྱི་ཡིག་གཟུགས་ཡིན་ཅིང་།
གཤམ་གྱི་ས་ཁྲའི་ཡུལ་དེ་དག་ཀ་
ཎིཥྐ་ཡི་མངའ་འོག་གི་ཆ་ཤས་ཤིག་ཀྱང་ཡིན། སྔར་རྒྱ་གར་གྱི་བྱང་ཕྱོགས་དེང་སང་ཡང་དག་ཡུལ༼པཀིསྠན༽གྱི་བྱང་ཕྱོགས་ས་ཁུལ་བྲུ་ཤའི་ཡུལ་དང་བལ་ཏིའི་ཡུལ་དང་དརྡིསྠན་དང་བཅས་པ་ལ་བ་ལ་ཝ་རིསྠན་ཞེས་གྲགས་པ་གཡོན་གྱི་ས་ཁྲ་ལ་གཟིགས། བ་ལ་མིང་གི་ཐ་སྙད་ཞིག་ལ་ནང་པའི་རྒྱལ་རྒྱུད་ཀྱི་པོ་ཏ་ལ་ནས་བ་ལ་བྱུང་ལུགས་ཀྱི་ལོ་རྒྱུས་གཅིག་ཡང་འདུག། བྲུ་ཤའི་ཡུལ་དང་དེའི་ས་འབྲེལ་བལ་ཏི་ཡུལ་༼
Brooshal(Gilgit) and Baltistan༽གྱི་ལོ་རྒྱུས་སུ་སྔོན་རྒྱལ་པོ་ཀ་
ཎིཥྐ་ཡིས་ཚངས་པའི་ཡིག་གཟུགས་ལ་རྟེན་ནས་ཡུལ་དེར་རྒྱལ་སྲིད་བཟུང་བའི་སྐབས་ནས་ཡུལ་མི་རྣམས་ཀྱི་རང་སྐད་ཚངས་པའི་ཡི་གེ་ལས་འབྲི་སྲོལ་བྱུང་བ་དང་། བལ་ཏི་ཡུལ་ནི་དང་པོ་ཞང་ཞུང་གི་མངའ་འོག་ཏུ་གནས་ཞིང་དུས་རབས་བརྒྱད་པའི་ནང་དུ་བྲུ་ཤ་དང་བལ་ཏི་ཡུལ་གཉིས་ཀར་བོད་ཀྱིས་དབང་དུ་སོང་ནས་གླང་དར་མ་བར་དུ་བོད་ཀྱི་མངའ་འོག་ཏུ་བཟུང་ངོ། བལ་ཏི་མི་རིགས་དང་སྐད་ཀྱི་ཁུངས་བོད་ཡིན་ལུགས་དེང་སང་ལུང་པའི་གླུ་གཞས་དང་གེ་སར་གྱི་སྒྲུང་སོགས་བོད་ལྟར་གྱི་ལུགས་སྲོལ་ཡོད་ཅིང་། ཕྱི་ལོ་༡༩༣༡་ལ་བྲུ་ཤའི་ཡུལ་ལམ་གིལྒིཏ་ནས་དུས་རབས་ལྔ་པའམ་དྲུག་པའི་སྐབས་ཚངས་པའི་ཡིག་གཟུགས་སུ་བྲི་པའི་ཐེག་པ་ཆེན་པོ་པོད་དྲུག་བཅུ་ལྷག་ཙམ་ས་འོག་ནས་ཐོན་པ་དེ་དག་ཛམ་གླིང་གི་དུས་ཀྱི་ཡིག་ཆ་རྙིང་ཤོས་སུ་རྩིས་ཞིང་། ཡུལ་དེ་དག་ཏུ་ཁ་རྒྱུན་གྱི་གཏམ་ཡང་བོད་ཀྱི་ཐུ་མིས་ཡུལ་དེ་ལས་བོད་ཀྱི་ཡི་གེ་གསར་བཟོ་བའི་ཛམ་གླིང་དྲྭ་བརླབ་ཀྱི་མཛོད་དུ་ཀཤྨིར་གྱི་ལོ་རྒྱུས་མཁན་གྱིས་ཟིན་བྲི་ཞིག་ཏུ་མཐོང་ཡང་ཡུལ་གྱི་བཤད་རྒྱུན་གྱི་ཁུངས་ཡིག་ཆ་རྙིང་པའམ་ཡུལ་མི་བྱེ་བྲག་གི་མིང་ནི་མི་གསལ། འདི་ལྟར་སྔོན་བོད་དང་ས་འབྲེལ་གྱི་ལོ་རྒྱུས་མདོར་བསྡུས་སུ་བྱེད་ནས་ཐུ་མིས་གོང་གི་ཡུལ་དུ་དངོས་སུ་ཕེབས་པའི་སྒྲུབ་བྱེད་མེད་ཀྱང་རིགས་པས་དཔག་ནས་ཕེབས་སྲིད་པའི་གླིང་དོན་ཙམ་མོ། ད་
སྔོན་རྒྱ་གར་དུ་ཡིག་གཟུགས་ནི་མདོ་རྒྱ་ཆེར་རོལ་པ་ལས་སངས་རྒྱས་ཀྱིས་སློབ་དཔོན་ཀུན་གྱི་བཤེས་གཉེན་༼िश्वामित्र༽ལ།
कतमां मे भो उपाध्याय लिपिं शिक्षापयसि। ब्राह्मीखरोष्टीपुष्करसारिं अङ्गलिपिं वङ्गलिपिं मगधलिपिं मङ्गल्यलिपिं अङ्गुलीयलिपिं शकारिलिपिं ब्रह्मवलिलिपिं पारुष्यलिपिं द्राविडलिपिं किरातलिपिं दाक्षिण्यलिपिं उग्रलिपिं संख्यालिपिं अनुलोमलिपिं अवमूर्धलिपिं दरदलिपिं खाष्यलिपिं चीनलिपिं लूनलिपिं हूणलिपिं मध्याक्षरविस्तरलिपिं पुष्पलिपिं देवलिपिं नागलिपिं यक्षलिपिं गन्धर्वलिपिं किन्नरलिपिं महोरगलिपिं असुरलिपिं गरुडलिपिं मृगचक्रलिपिं वायसरुतलिपिं भौमदेवलिपिं अन्तरीक्षदेवलिपिं उत्तरकुरुद्वीपलिपिं अपरगोडानीलिपिं पूर्वविदेहलिपिं उत्क्षेपलिपिं निक्षेपलिपिं विक्षेपलिपिं प्रक्षेपलिपिं सागरलिपिं वज्रलिपिं लेखप्रतिलेखलिपिं अनुद्रुतलिपिं शास्त्रावर्तां गणनावर्तलिपिं उत्क्षेपावर्तलिपिं निक्षेपावर्तलिपिं पादलिखितलिपिं द्विरुत्तरपदसंधिलिपिं यावद्दशोत्तरपदसंधिलिपिं मध्याहारिणीलिपिं सर्वरुतसंग्रहणीलिपिं विद्यानुलोमाविमिश्रितलिपिं ऋषितपस्तप्तां रोचमानां धरणीप्रेक्षिणीलिपिं गगनप्रेक्षिणीलिपिं सर्वौषधिनिष्यन्दां सर्वसारसंग्रहणीं सर्वभूतरुतग्रहणीम्। आसां भो उपाध्याय चतुष्षष्टीलिपीनां कतमां त्वं शिष्यापयिष्यसि?
ཀྱེ་མཁན་པོས་བདག་ལ་ཡི་གེ་གང་ཞིག་བསླབ། ཚངས་པའི་ཡི་གེའམ། ཁ་རོ་སྟིའི་ཡི་གེའམ། པད་མའི་སྙིང་པོའི་ཡེ་གེའམ། ཨངྒགའི་ཡི་གེའམ། མངྒའི་ཡི་གེའམ། ཡུལ་མ་ག་དྷའི་ཡི་གེའམ། བཀྲ་ཤིས་པའི་ཡི་གེའམ། སོར་མོ་པའི་ཡི་གེའམ། ཤ་ཀ་ནིའི་ཡི་གེའམ། ཡ་བ་ནའི་ཡི་གེའམ། བག་ལེ་བའི་ཡི་གེའམ། པ་རུ་ཤའི་ཡི་གེའམ། འགྲོ་ལྡིང་བའི་ཡི་གེའམ༼ द्राविडलिपिं༽། ཀི་ར་ཏའི་ཡི་གེའམ། ལྷོ་ཕྱོགས་པའི་ཡི་གེའམ། དྲག་ཤུལ་ཅན་གྱི་ཡི་གེའམ། གྲངས་ཀྱི་ཡི་གེའམ། སྤྱིའུ་ཚུགས་པའི་ཡི་གེའམ། རྗེས་སུ་མཐུན་པའི་ཡི་གེའམ། བྲུ་ཤའི་ཡི་གེའམ(दरदलिपिं Daradas)། ཀ་ཤའི་ཡི་གེའམ། རྒྱའི་ཡི་གེའམ། ཕུ་ནའི་ཡི་གེའམ། ཧུ་ནའི་ཡི་གེའམ། ཡི་གེ་འབྲིང་དང་རྒྱས་པར་བྲི་བའི་ཡི་གེའམ། རྒྱལ་གྱི་ཡི་གེའམ། ལྷའི་ཡི་གེའམ། ཀླུའི་ཡི་གེའམ། གནོད་སྤྱིན་གྱི་ཡི་གེའམ། དྲི་ཟའི་ཡི་གེའམ། མི་འམ་ཅིའི་ཡི་གེའམ། ལྟོ་འཕྱེ་ཆེན་པོའི་ཡི་གེའམ། ལྷ་མ་ཡིན་གྱི་ཡི་གེའམ། ནམ་མཁའ་ལྡིང་གི་ཡི་གེའམ། རི་དྭགས་ཀྱི་འཁོར་ལོ་པའི་ཡི་གེའམ༑ ཁྭ་སྐད་ཤེས་པའི་ཡི་གེའམ། ས་བླའི་ལྷའི་ཡི་གེའམ། བར་སྣང་གི་ལྷའི་ཡི་གེའམ། ནུབ་ཀྱི་བ་གླང་སྤྱོད་ཀྱི་ཡི་གེའམ། བྱང་གི་སྒྲ་མི་སྙན་གྱི་ཡི་གེའམ། ཤར་གྱི་ལུས་འཕགས་པོའི་ཡི་གེའམ། གདེག་པའི་ཡི་གེའམ། གཞག་པའི་ཡི་གེའམ། བསྣན་པའི་ཡི་གེའམ། རྒྱ་མཚོའི་ཡི་གེའམ། རྡོ་རྗེའི་ཡི་གེའམ། སྤྲིང་ཡིག་དང༌། ལན་གྱི་ཡི་གེའམ། རྣམ་འཐོར་གྱི་ཡི་གེའམ། རིངས་མེད་ཀྱི་ཡི་གེའམ། བསྟན་བཅོས་བསྐོར་བའི་ཡི་གེའམ། རྩིས་བསྐོར་བའི་ཡི་གེའམ། གདེག་པ་བསྐོར་བའི་ཡི་གེའམ། གཞགཔ་བསྐོར་བའི་ཡི་གེའམ། རྐང་པས་བསྐོར་བའི་ཡི་གེའམ། ཚིག་ལན་ལན་གཉིས་སུ་གདབ་པའི་ཚིག་གི་མཚམས་ཀྱི་ཡི་གེའམ། ཚིག་གི་མཚམས་བཅུར་བརྒྱུད་པའི་བར་གྱི་ཡི་གེའམ། བླ་ཐབས་སུ་བསྣན་པའི་ཡི་གེའམ། སྒྲ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། རིག་པ་དང་མཐུན་པའི་ཡི་གེའམ། རྣམ་པར་འདྲེས་པའི་ཡི་གེའམ། དྲང་སྲོང་གི་དཀའ་ཐུབ་སྤྱད་པའི་ཡི་གེའམ། ལྷ་ངེས་པའི་ཡི་གེའམ། ས་བལྟ་བའི་ཡི་གེའམ། ནམ་མཁའ་བལྟ་བའི་ཡི་གེའམ། སྨན་ཐམས་ཅད་ཀྱི་རྒྱུ་མཐུན་པའི་ཡི་གེའམ། སྙིང་པོ་ཐམས་ཅད་ཀུན་ཏུ་སྡུད་པའི་ཡི་གེའམ། འབྱུང་པོ་ཐམས་ཅད་ཀྱི་
སྒྲ་སྡུད་པའི་ཡི་གེའམ། ཀྱེ་སློབ་དཔོན་ཡི་གེ་དྲུག་ཅུ་རྩ་བཞི་པོ་དེ་དག་གི་ནང་ནས་བདག་ལ་གང་བསླབ། ཅེས་ལུང་དུ་གསལ་བ་ལྟར་རྒྱ་གར་དུ་ཡིག་གཟུགས་མི་འདྲ་བ་ཇི་ཙམ་ཡོད་ཀྱང་ཐམས་ཅད་ཀྱི་མ་ལྟ་བུ་ནི་བྲཧ་མི་(Brahmi Script)ཡི་ཡིག་གཟུགས་སམ་ཚངས་པའི་ཡི་གེ་ཞེས་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་དུ་སྣང་བའི་ཡིག་གཟུགས་དེ་ཡིན་པ་ལོ་རྒྱུས་པ་ཀུན་གྱིས་ཁས་ལེན་མཐུན་ཅིང་ཚངས་པའི་ཡིག་གཟུགས་དེ་ཡང་བདག་ཅག་གི་སྟོན་སངས་རྒྱས་ཤཱཀྱ་ཐུབ་པ་ཞལ་བཞུགས་སྐབས་ནས་ཕྱི་ལོ་བརྒྱ་ཕྲག་བཞི་པ་བར་གནས་པ་དང་། ཕྱི་ལོ་བརྒྱ་ཕྲག་བཞི་པའི་ནང་ཙམ་ལ་ཚངས་པའི་ཡི་གེ་ལས་གུཔྟའི་ཡིག་གཟུགས་༼Gupta Script༽འཆད་པའི་ལོ་རྒྱུས་དང་། གོང་གི་ཚངས་པའི་ཡི་གེ་ཐོག་མ་དབྱངས་ཨ་ཨི་ཨུཨེ་ཨོ་བཅས་ལྔ་ཡང་རང་རེ་བོད་ཀྱི་བརྡ་སྤྲོད་ཁ་ཤས་སུ་ཨ་དང་དབྱངས་ལྔ་རུ་འདོད་ཚུལ་ཡོད་པ་དང་། ཨེ་ཡིག་གྲུ་གསུམ་ནི་རྒྱུད་དང་ཆོ་ག་སོགས་སུ་གྲུ་གསུམ་གྱི་དབྱིབས་སུ་རྣམ་ཐར་གསུམ་ལྡན་ཨེ་ཁང་དུ་ཞེས་དང་ཟུར་གསུམ་དག་པ་ཨེ་ཡི་དབྱིབས། ཞེས་ལ་སོགས་པ་ཨེ་ཡིག་ཟུར་གསུམ་མམ་གྲུ་གསུམ་དབྱིབས་ནི་གོང་གི་ཚངས་པའི་དབྱངས་ཡིག་ལ་དམར་རྟགས་སུ་བཀོད་པ་ལ་གཟིགས་ན་ཤིན་ཏུ་གསལ་བ་དང་། ཡང་ཊ་ཡིག་གཞུ་དབྱིབས་ལྟར་ཞེས་འདུལ་བ་ལུང་ལ་ཡོད་ལུགས་མཁས་པ་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་དེ་ཡང་གོང་དུ་གཟིགས་ན་ཊ་ཡིག་༼C༽གཞུ་འདྲ་པོ་སྣང་། གཞན་ཡང་ཡི་གེ་བརྩེགས་མ་འདོགས་ཅན་བོད་ཡིག་གི་འ་ཟུར་ཡ་རྟགས་ར་རྟགས་ཝ་རྟགས་འདྲ་བོ་སྔོན་གྱི་དངོས་ཆས་རྙིང་པའི་ཡིག་ཆ་ལས་བྱུང་བ་རྗེས་སུ་དཔེ་ཁ་ཤས་ཤིག་བཀོད་པ་ལ་གཟིགས།
སྔོན་རྒྱ་གར་དང་ས་འབྲེལ་ཁྱིམ་མཚེའི་རྒྱལ་ཁབ་བོད་ལ་སོགས་པ་ཡིག་གཟུགས་ཀྱི་འབྱུང་ཁུངས་མ་དཔེ་ཚངས་པའི་ཡི་གེ་ཡིན་ཅིང་བོད་ཀྱི་ཡིག་གཟུགས་གསར་བཅོས་སྐབས་སུ་རྒྱ་གར་ལ་གནས་པའི་ཡི་གེ་རྣམས་དང་དེ་རྣམས་ཀྱི་དར་ནུབ་ཀྱི་ཡུན་དང་དུས་རབས་ཀྱི་ཡིག་ཆ་ལོ་རྒྱུས་ལས་གསལ་བ་ཐམས་ཅད་མདོར་བསྡུ་རི་མོར་བཀོད་པའི་གཤམ་གསལ་དུ་སྣང་བ་དེ་ཡིན།
དེང་དུས་རྒྱ་གར་དུ་སྐད་ཀྱི་ཡིག་གཟུགས་མང་ཆེ་བ་བོད་ཡིག་ཀྱི་རྗེས་སུ་དར་བ་ལོ་རྒྱུས་ལས་གསལ་ཏེ་འདིར་ཡིག་རྙོག་ཆེ་བས་རི་མོར་མ་བྱེད་ཀྱང་གཤམ་གསལ་གྱི་སྐད་ཡིག་རྗེས་སུ་དར་བ་ཨིན་ཡིག་ཏུ་གསལ་བའི་མིང་རྣམས་སོ།༼Begali, Gurati, Oriya, Kashimir, Telugu, Tamil, Burmese, Thai and Malayalam༽
སྔོན་དུས་རབས་བདུན་པའི་ནང་ལ་ཐུ་མིས་བོད་ཀྱི་ཡིག་གཟུགས་གསར་བཅོས་སུ་རྒྱ་གར་ལ་ཕེབས་སྐབས་ཐུ་མིས་རྒྱ་གར་ལ་ཚངས་པའི་ཡི་གེ་ལས་བྱུང་བའི་བྲི་སྲོལ་་འདྲ་མིན་ཁ་ཤས་ཡོད་ཀྱང་གོང་གི་ལོ་རྒྱུས་སུ་རྒྱ་གར་བྱང་ཕྱོགས་ལ་དར་ཁྱབ་ཆེ་བ་ནི་གུཔྟའི་ཡིག་གཟུགས་༼Gupta Script༽ཡིན་པ་དེ་དུས་ཀྱི་ཡིག་ཆ་དེང་སང་ཡང་ཀུན་ལ་མཐོང་རྒྱུ་ཡོད། གལ་ཏེ་གོང་གི་ཚངས་པའི་ཡི་གེ་སོགས་རེ་རེ་ནས་ལོ་རྒྱུས་ཀྱི་ཞིབ་ཆ་ལ་ཐུགས་སྤྲོ་ཡོད་ཚེ་འདི་ན་ཕེབས་པར་ཞུ། ཡང་དག་ཚད་མ་གསུམ་གྱི་ནང་ནས་ཚད་མ་ལུང་གི་ཚད་མ་ནམ་ཞིག་ཐུ་མི་ཉིད་ཀྱི་ལུང་དུ་བོད་ཀྱི་ཡིག་གཟུགས་ཀྱི་མ་དཔེ་འདི་ཞེས་ཡིག་མིང་དང་བཅས་པ་མ་རྙེད་བར་དུ་རིགས་པས་དཔྱད་ནས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར་གུཔྟའི་ཡིག་གཟུགས་༼Gupta Script༽དེ་ལས་བོད་ཀྱི་ཡིག་གཟུགས་བྱུང་བ་ད་ལྟའི་ལོ་རྒྱུས་ཀྱི་སྒྲུབ་བྱེད་ཆ་གང་ག་ནས་མཐུན་ཆ་ཆེ་བར་མཐོང་བས་ལཉྩ་དང་ཝརྡུ་སོགས་ལོ་རྒྱུས་ལ་རྩལ་ཀྱང་སྒྲ་ཙམ་ནི་མཐུན་ཅིང་ཐམས་ཅད་ཚངས་པའི་ཀ་ཁ་སོགས་སྒྲ་ལས་བྱུང་བ་ཙམ་ལས་ཐུ་མི་ཉིད་ཀྱི་དུས་དང་ཉེ་བའི་རྡོ་རྗེ་ལུང་གིས་ཟིན་པའི་ཡིག་ཆ་ནི་ད་བར་མེད་པ་ནི་ཀུན་གྱིས་ཤེས་སོ།།
བོད་ཡིག་དང་དུས་མཉམས་སུ་བྱུང་བའི་ཤར་དྷའི་ཡིག་གཟུགས་༼ཕྱིས་སུ་གུཔྟའི་ཡི་གེ་བྱེ་བྲག་གཅིག༽ཀྱི་འབྱུང་ཁུངས་དུས་རིམ་གྱི་ཞིབ་འཇུག་ཡིག་ཆ་དེ་ཉིད་རང་རེ་བོད་ཀྱི་ཡིག་གཟུགས་ཐོག་མའི་ལོ་རྒྱུས་ཀྱི་ཞབས་རྗེས་སུ་འཛིན་ནས་ཚངས་པའི་ཡིག་གཟུགས་དེ་ཉིད་དུས་དང་གནས་དང་གང་ཟག་གི་རྒྱུ་རྐྱེན་རྟེན་ཅིང་འབྲེལ་ཚུལ་གྱིས་རིམ་བཞིན་འགྱུར་བའི་ཡི་གེ་གཟུགས་དེ་དུས་ཀྱི་སྔ་ཕྱི་དུས་རབས་དང་གནས་ཀྱི་བྱེ་བྲག་མིང་དང་གང་ཟག་གི་བྱེ་བྲག་ས་སྐྱོང་གི་མཚན་གྱིས་ཆེ་བ་རི་བྲག་རྡོ་རིང་གི་ངོར་དང་ཆུང་བ་ས་རྡོ་རིན་ཆེན་གྱི་རིགས་ངོར་རྒྱས་བཏབ་པའི་གཡོན་གྱི་འདྲ་བཤུས་སམ་ཡིག་རྙིང་གི་འདྲ་བཤུ་མེ་ལོང་གི་སྣང་བརྙན་ལྟ་བུའི་མ་དཔེ་རྣམས་རྒྱ་གར་ལ་སོགས་པའི་རྒྱལ་ཁབ་མང་པོའི་༼Museums༽ལོ་རྒྱུས་དང་འབྲེལ་བའི་གལ་ཆེའི་ནང་ཆས་རྙིང་པ་རྣམས་དེང་སང་གི་བར་དུ་དངོས་སུ་མིག་གིས་མཐོང་རྒྱུ་ཅན་ནོ། ཕྱི་ལོ་༧༧༤་ཙམ་གྱི་གཞན་ཡང་ཡི་གེ་བརྩེགས་མ་འདོགས་ཅན་བོད་ཡིག་གི་འ་ཟུར་ཡ་རྟགས་ར་རྟགས་ཝ་རྟགས་འདྲ་བོ་སྔོན་གྱི་དངོས་ཆས་རྙིང་པའི་ཡིག་ཆ་ལས་བྱུང་བ་རྗེས་སུ་དཔེ་ཁ་ཤས་ཤིག་བཀོད་པ་ལ་གཟིགས།
ས་ལ་འ་ཟུར་བཏགས་པས་སཱ་ནི་འ་ཟུར་བཏགས་ལུགས་མཐུན་པ་དང་། ར་ལ་ཡ་བཏགས་པས་རྱ་ནི་ར་དང་ར་བཏགས་ལུགས་མཐུན་པདང་།
པ་ལ་ཡ་བཏགས་པས་པྱ་དང་། ར་མགོ་ཅན་གྱི་མ་ལ་བརྩེགས་ལུགས་རྨ་ནི་ར་མགོ་བརྩེགས་སྟངས་འདྲ་བ་དང་། པ་ལ་ར་བཏགས་བརྒྱན་ནས་པྲ་དང་། ཤ་ལ་ར་བཏགས་པས་ཤྲ་ནི་གསལ་བྱེད་ཤ་དང་འདོགས་ཅན་ར་གཉིས་ཀར་བོད་ཀྱི་ཡིག་གཟུགས་ཤྲ་དང་ཁྱད་མེད་ཅིང་། དེ་ནས་ས་ལ་ཝ་ཟུར་གཏགས་པས་སྭ་ནི་ཝ་ཟུར་བཏགས་ལུགས་མཐུན་པ་སོགས་སྣང་ངོ་།
ཡང་གཡས་ཀྱི་འདྲ་བཤུ་དཔེ་ནི་ཕྱི་ལོ་བརྒྱ་ཕྲག་ལྔ་པའམ་དྲུག་པའི་སྐབས་ཀྱི་བྲུ་ཤའི་ཡུལ་གྱི་མཆོད་རྟེན་ལས་བཅོམ་ལྡན་འདས་སྨན་གྱི་བླ་མ་ཞེས་པ་དེ་ཉིད་གུཔྟའི་ཡི་གེ་རུ་བྷག་ཝ་ཏོ་བྷཻ་ཥ་ཇྱ་གུ་རུ་ཞེས་པ་བོད་ཡིག་ཀློག་ཤེས་པའི་གང་ཟག་གིས་བལྟས་ན་བྷག་ཝ་ཏོ་ན་རོ་དང་བྷཻ་ཥ་ཇྱ་གུ་རུ་ལས་ཇྱ་ལྟ་བུ་ནི་ཇ་དང་ཡ་བཏགས་བོད་རང་གི་ཡིག་སྐད་དུ་མེད་ཀྱང་ཇ་ཡིག་དང་ཡ་བཏགས་འདོགས་ཅན་གཉིས་ཀར་བོད་ཡིག་ལ་ཡོད་པ་ནི་ཤེས་སོ།
sam*vat 100 7 s'ri- pan~cadeva 4 maha-ra-jasya Jayavarmana
གོང་གི་ཡི་གེ་ཕྱི་ལོ་བརྒྱ་ཕྲག་གཉིས་པའི་སྐབས་ཀྱི་བལ་ཡུལ་གྱི་འདྲ་སྐུ་ཞིག་གི་ཞབས་ལ་ཡོད་ལུགས་ཤྲི་དང་པ་ཡིག་དང་ཝ་ཟུར་གྱི་དབྱིབས་ལྟར་ཝ་ཡིག་དང་ཇ་ཡིག་དང་མ་ཧ་ར་ཇ་སྱ་ཇ་ཡ་ལ་དཔྱད་ན་ཇ་ཡིག་དང་ཡ་བཏགས་དང་དེ་ནས་ཇ་ཡ་ལ་ཡ་ཡིག་རྐྱང་པ་ཡང་བོད་ཡིག་ཡ་ལྟ་བུ་སྣང་བ་སོགས་དེང་དུས་ཀྱི་བོད་ཡིག་ཤེས་པའི་གང་ཟག་གིས་ཇི་ཙམ་སྔོན་སངས་རྒྱས་ཞལ་བཞུགས་སྐབས་ཀྱི་ཚངས་པའི་ཡི་གེ་ལས་འབྱུང་བའི་གུཔྟའི་ཡི་གེ་སོགས་ལ་བལྟས་པས་དེ་ཙམ་ཆེ་ཆེར་ཡིག་ངོ་ཤེས་པ་བྱུང་བ་ལ། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་གསུངས་བཞིན་རྒྱ་གར་ཡུལ་དེར་གནས་པའི་སྒྲ་ལ་མཁས་པ་རྣམས་ཀྱིས་ཡུན་རིང་ནས་ལོ་རྒྱུས་རྙིང་པའི་ཡིག་རྙིང་རྣམས་ཀློག་པ་ལ་འབད་པའི་སྐབས་བོད་པ་རང་གི་སྐད་ཡིག་ཙམ་ལས་དམིགས་གསལ་སྒྲ་ལ་སྦྱང་པ་མེད་ཀྱང་སྔོན་གྱི་ཡིག་རྙིང་མཐོང་ཙམ་གྱིས་ཡིག་འབྲུ་ངོ་ཤེས་ལ་ཡ་མཚན་དུ་གྱུར་བ་ནི་མི་ཡིས་མི་ལ་ཡུན་རིང་མ་ཕྲད་པའི་སྔོན་གྱི་མཛའ་བཤེས་ཐུག་ནས་ངོ་ཤེས་པ་ལྟར་ཡི་གེས་ཡི་གེར་ངོ་ཤེས་པས་བོད་ཡིག་གི་མེས་པོ་ཚངས་པའི་ཡི་གེ་ཡིན་པ་ལ་ཐེ་ཚོམ་མ་མཆིས་ཀྱང་། ཡབ་ཡུམ་ཀྱང་ཚངས་ཡིག་ལས་བྱུང་བའི་གུཔྟ་དང་ཤརྡ་སོགས་རིགས་པས་དཔག་ན་སྔོན་སྲོང་བཙན་སྒམ་པོའི་སྟོབས་དང་མངའ་ཐང་ཆེ་བའི་རྒྱལ་པོའི་ཐུ་མིས་རྒྱ་གར་ལ་ཕེབས་སྐབས་མི་ཧྲང་སྤྲང་པོ་ལྟར་མིན་པར་ཐུ་མི་ལ་འཁོར་གཡོག་དང་བཅས་པ་རྒྱ་གར་དུ་ཡང་ཐུ་མི་མདུན་དུ་ཡུལ་དེའི་ཡི་གེའི་མཁན་པོ་གཅིག་ཙམ་མ་ཡིན་པ་དང་། ཡིག་གཟུགས་ཀྱང་འདྲ་མིན་སྣ་ཚོགས་ལ་དཔྱད་འདེམས་གནང་ནས་བོད་ཀྱི་དབྱངས་དང་གསལ་བྱེད་རྣམས་ཡིག་གཟུགས་གཅིག་ལས་ཡོང་དགོས་པའི་རྒྱུ་མཚན་ཀྱང་མི་སྣང་། ཆོས་སྲིད་གཉིས་ཀར་སྐད་ཡིག་གི་བྲི་ལུགས་མེད་དུ་མི་རུང་གི་གལ་ཆེ་བའི་བོད་དུ་ཡིག་གཟུགས་གསར་བཅོས་ལ་རྒྱུ་རྐྱེན་དུ་མས་ཐུ་མིས་རྒྱལ་པོའི་ཐུགས་དགོངས་བསྒྲུབས་པའི་ད་ལྟའི་བོད་ཡིག་འདིའོ།།
༈ དབུ་མེད་ཀྱང་དབུ་ཅན་མགྱོགས་པོར་བྲི་སྲོལ་རིམ་གྱིས་དབུ་མེད་ཀྱི་ཡི་གེ་ཞེས་བོད་དུ་དར་ཚུལ་སོགས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ནི་ཡིག་རྙིང་རྣམས་སུ་གཟིགས་ན་མི་བདེན་མེད་ཅིང་ཡིག་རྙིང་འགའ་ཤས་ཤིག་གི་དཔེ་རྣམས་ལ་གཟིགས་པར་ཞུ།
གོང་གི་ལ་མགོ་དང་ར་མགོ་ཅན་གནས་བརྟན་དང་ལྟུང་བ་ཞེས་པའི་དབུ་ཅན་གྱི་ཏ་ཡིག་དང་དབུ་མེད་ཀྱི་ཏ་ཡིག་གཉིས་ལ་ཁྱད་ཆེ་བ་མི་མངོན་ནོ། གནས་དང་དུས་དང་ལས་ཀྱི་དབང་གིས་རང་ལ་སྦྱང་པའི་ཡོན་ཏན་མེད་ཀྱང་རང་ཉིད་གནས་གང་དུ་འགྲོ་མི་དགོས་པར་ཛམ་གླིང་དྲྭ་བརླབ་ཀྱི་མཛོད་ནས་གང་ལ་ཤེས་འདོད་ཀྱི་དོན་གཉེར་ཡོད་པ་དེ་ཉིད་ཡུད་ཀྱིས་བཙལ་བས་མངོན་དུ་གྱུར་པའི་ཡིག་རྙིང་ཁ་ཤས་ཤིག་་ཕྱོགས་བསྒྲིགས་སུ་བྱེད་ནས་ཟིན་བྲིས་པ་ནི་དངོས་གྲུབ་ཀྱིས་སོ།།